ཁྲི་རལ་པ་ཅན།
༦༠༽ དུས་དེ་ཙམ་ཞིག་ནས་བཙན་པོའི་ཐུགས་དམ་གྱི་ལྷ་ཁང་འུ་ཤིང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་ཞེས་པ་ཐོག་བརྩེགས་དགུ་ཅན་ཞིག་བཞེངས་གྲུབ་ནས་ཆོས་ཀྱི་དགའ་སྟོན་བཤམས།
༦༡༽ གཙུག་ལག་ཁང་གི་འོག་མ་གསུམ་རྡོ་ཡིས་བཞེངས་པར་རྗེ་བློན་འཁོར་བཅས་དང༌། བར་ཐོག་གསུམ་སོ་ཕག་གིས་བཞེངས་པར་ལོ་པཎ་རྣམ་པ། སྟེང་ཐོག་གསུམ་ཤིང་གིས་བཞེངས་པར་དཀོན་མཆོག་གི་རྟེན་བཅས་བཞུགས་སུ་གསོལ།
༦༢༽ བོད་ཀྱི་ལོ་ཙཱ་བ་མཁས་པ་སྐ་ཅོག་ཞང་གསུམ་ཐོག །རྒྱ་གར་གྱི་པཎ་ཆེན་ཛི་ན་མི་ཏྲ་སོགས་སྤྱན་དྲངས་ཏེ། གསུང་རབ་ལྷག་མ་རྣམས་བོད་སྒྱུར་དང༌། བསྟན་བཅོས་རྙིང་པ་ཁག་ལ་ཞུ་དག དེ་བཞིན་བོད་ཡིག་ལ་སྐད་གསར་བཅད་མཛད་པ་པ་བཅས་ཀྱི་མཛད་རྗེས་རླབས་ཆེན་བཞག
༦༣༽ བཙན་པོ་རང་ཉིད་དགེ་འདུན་པའི་དབུ་གྲལ་ལ་བཞུགས་དུས། དབུའི་ལྕང་ལོ་གཉིས་ཀྱི་སྣེར་དར་ཡུག་རིང་བོ་བཏགས་པ་དགེ་འདུན་པའི་གདན་དུ་འདིང་བ་སོགས་གུས་བཀུར་བླ་མེད་གནང་བས། བཙན་པོ་ཁྲི་རལ་པ་ཅན་ཞེས་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ།
༦༤༽ རབ་ཏུ་འབྱུང་མཁན་རེ་ལ་ཡོན་བདག་ཁྱིམ་ཚང་བདུན་རེ་གནང་བས། དགེ་འདུན་པའི་སྡེ་ཧ་ཅང་འཕེལ་ནས། དབུས་གཙང་ཁམས་གསུམ་དུ་བཤད་གྲྭ་དང་སྒོམ་གྲྭ་སོགས་ཆོས་སྡེ་ཆེན་པོ་སོ་དྲུག་བཙུགས།